Troma Nagmo

Andreas Walsh

Jigme Phuntsok collected works - vol 3

rig byed dbang mo'i sgrub thabs/

Kurukulle Sadhana

༈ ཏི་སྒྲོའི་ཆོས་སྐོར་ལས།
རིག་བྱེད་དབང་མོའི་སྒྲུབ་ཐབས།

༆༅། །ན་མོ་གུ་རུ་དེ་ཝ་ཌཱཀྐི་ཡེ།
རང་བྱུང་པདྨ་རྒྱལ་པོ་ངས།
རྒྱུད་ལུང་མན་ངག་སྙིང་པོའི་བཅུད།
བསྐྱེད་རྫོགས་རྫོགས་ཆེན་ཆོས་ཀྱི་སྐོར།
ཤིན་ཏུ་བསྡུས་པའི་ཏི་ལ་ཀ།
བཀྲ་ཤིས་དུང་གི་གཟུགས་འཆང་བའི།
རྡོ་སྒྲོམ་ཟུང་གི་དཀྱིལ་དུ་སྦས།
མཚོ་རྒྱལ་ཁྱོད་ཀྱི་ལག་ཏུ་གནས་དང་།
ཕྱིས་འབྱུང་དུས་ཀྱི་ཐ་མ་ལ།
ཁྲོ་བོའི་སྙིང་གི་བུ་མཆོག་གང་།
ཏི་སྒྲོ་མཁའ་འགྲོའི་འདུ་གནས་དང་།
མཆིམས་ཕུ་རིག་འཛིན་བཞུགས་ངས་སུ།
བརྟུལ་ཞུགས་སྤྱོད་པས་ཐོན་སྐབས་སུ།
མ་འཛོལ་ལག་ཏུ་འཕྲོད་པར་གྱིས།
ས་མ་ཡ།
དེ་ལ་འདིར་ཏི་སྒྲོའི་ཆོས་སྐོར་གྱི་སྒོ་འབྱེད་རིག་བྱེད་དབང་མོའི་སྒྲུབ་ཐབས་ལ།

དང་པོ།
སྐྱབས་འགྲོ་སེམས་བསྐྱེད་ནི།

ན་མོ།
འདི་ནས་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར།
འབུམ་ཕྲག་མཁའ་འགྲོའི་ཚོགས་ལ་སྐྱབས་སུ་མཆི།
སྡུག་བསྔལ་རྒྱ་མཚོར་བྱིང་བའི་འགྲོ་ཚོགས་ཀུན།
གཏན་བདེའི་ས་ལ་འགོད་པར་སེམས་བསྐྱེད་དོ།།

བགེགས་བསལ་སྲུང་འཁོར་བསྒོམ་པ་ནི།

ཧྲཱིཿ
གང་སྣང་བདེ་སྟོང་ཡེ་ཤེས་རོལ་པ་ལ།
མ་དག་བགེགས་ཞེས་བྱ་བའི་མིང་ཡང་མེད།
སྣང་སྲིད་འོད་དམར་ཀློང་དུ་བཞུས་པ་ཡིས།
བདེ་ཆེན་འཕོ་མེད་ཀློང་དུ་མཚམས་གཅད་དོ།

བྱིན་དབབ་ནི།

ཧྲཱིཿ
གནས་ཡུལ་དུར་ཁྲོད་དག་པའི་ཞིང་ཁམས་ནས།
རྡུལ་སྙེད་མཁའ་འགྲོའི་འདུ་བ་དབྱིངས་ནས་བཞེངས།
སྐལ་ལྡན་ལུས་ངག་ཡིད་ཀྱི་སྣང་ཆ་ཀུན།
བདེ་སྟོང་དབྱེར་མེད་མཆོག་གི་བྱིན་ཕོབ་ཅིག
ཨོྃ་ཀུ་རུ་ཀུ་ལླེ་ས་པ་རཱི་ཝ་་ར་ས་ཝེ་ཤ་ཡ་ཛ་ཛཿ
ཕེཾ་ཕེཾ་ཏིཥྛ་ལྷན།

མཆོད་རྫས་བྱིན་བརླབ་ནི།

ཧྲཱིཿ
དབང་ཤེས་ཡུལ་གྱིས་བསྡུས་པའི་ཆོས་སོ་ཅིག།
འཁོར་འདས་མཉམ་ཉིད་ཀུན་བཟང་མཆོད་པའི་སྤྲིན།
མུ་མེད་སྲིད་ཞིའི་ཁྱོན་ཀུན་ཡོངས་ཁྱབ་པ།
མཆོད་ཡུལ་ལྷ་རྣམས་མཉས་པའི་དཔྱིད་དུ་གྱུར།
བཛྲ་སྥ་ར་ཎ་ཁཾ།

དངོས་གཞི་ལྷ་བསྐྱེད་ནི༑

ཨ།
ཆོས་ཀུན་འོད་གསལ་ཀ་དག་ངང་ཉིད་ལས།
རང་སྣང་རྣམ་དག་བདེ་ཆེན་ཌཱ་ཀྐིའི་དལ།
རང་རིག་ཧྲཱིཿ་ཡིག་དམར་གསལ་ལམ་མེ་བ༑
༑འོད་འཕྲོས་དོན་གཉིས་བྱས་ནས་ཚུར་འདུས་པ།
རྒྱལ་ཀུན་སོ་སོར་རྟོགས་པའི་ཡེ་ཤེས་སྐུ།
བཅོམ་ལྡན་རིག་བྱེད་དབང་མོ་ལོངས་སྐུའི་ཆས།
ཞལ་གཅིག་ཕྱག་གཉིས་ཨུཏྤལ་མདའ་གཞུ་འདེངས།
ཞབས་གཉིས་བརྐྱང་བསྐུམ་པད་ ཉིའི་གདན་ལ་རོལ།
འཁོར་དུ་ཞིང་སྔགས་ལྷན་སྐྱེས་ཌཱ་ཀྐིའི་ཚོགས།
ཉི་་ཟེར་རྡུལ་ལྟར་རང་སྣང་རྒྱན་དུ་ཤར།

ཅེས་རང་སློབ་ཨོ་རྒྱན་མིང་གིས་བསྐུལ་ངོར་སྤྲང་མ་ནས་སེམས་ཉིད་ཧད་པོས་སྨྲས་པ་དགེ
།སརྦ་མངྒ་ལཾ།། །།