མ་ཧཱ་ཨ་ཏི་ཡོ་གའི་ཟབ་ཆོས་དགོངས་པ་ཀློང་རྡལ་ལས༔
ཨོ་རྒྱན་པདྨ་བདུད་འདུལ་གྱི་གསོལ་འདེབས་དགོངས་པའི་གནད་བསྐུལ་བཞུགས་སོ༔
ན་མོ་གུ་རུ་པདྨ་སིདྡྷི་ཧཱུྃ་ཧྲཱིཿ
ངེས་འབྱུང་དད་པས་དགོངས་པའི་གནད་བསྐུལ་ལ༔
ཨེ་མ་ཧོ༔
རྒྱལ་ཀུན་དགོངས་པ་ལྷུན་རྫོགས་གར་གྱི་དབང༔
དཔའ་བོ་མཁའ་འགྲོ་ཡོངས་འདུས་ཚོགས་ཀྱི་མཆོག༔
འགྲོ་བའི་སྐྱབས་མགོན་ཨོ་རྒྱན་རིན་པོ་ཆེ༔
སངས་རྒྱས་ཀུན་ལས་ཐུགས་རྗེ་མྱུར་བའི་མཆོག༔
དུས་གསུམ་རྒྱལ་བའི་མཁྱེན་བཙེ་ནུས་པའི་དཔལ༔
ཁྱབ་བདག་སྐུ་བཞིའི་སྤྱི་དཔལ་ཁྱོད་དྲན་ནས༔
མོས་གུས་གདུང་བའི་ང་ཏོས་བསོལ་བ་འདེབས༔
དུས་ཀྱི་མར་གཤམ་སྙིགས་མའི་སེམས་ཅན་ལ༔
ཐུགས་རྗེ་རྒྱུན་ཆད་མེད་པར་སྤྱན་གྱིས་གཟུགས༔
སྔོན་གྱི་ཞལ་བཞེས་དམ་བཅའ་འདི་མིན་ནམ༔
གསོལ་བ་སྙིང་ནས་འདེབས་པའི་གང་ཟག་ལ༔
བྱིན་གྱིས་བརླབས་ཞིང་རྗེས་སུ་འཛིན་པ་དང་༔
དད་ལྡན་མི་ལ་སྐད་ཅིག་འབྲལ་བ་མེད༔
ཅེས་བསུངས་རྡོ་རྗེའི་ཚིག་ལ་མི་དགོངས་སམ༔
དུས་ངན་ལྔ་བརྒྱའི་སྐྱེ་བོ་བདག་འདྲ་ལ༔
དུས་གསུམ་རྒྱུན་ཆད་མེད་པར་བྱིན་གྱིས་རློབས༔
ལོ་ཉེས་སད་སེར་མུ་གེ་འཁྲུགས་རྩོད་དང་༔
མ་མོའི་དམ་ཡམས་དུས་ཀྱི་་ཕུང་སྲིའི་རིགས༔
མི་ཕྱོགས་ཀུན་ལ་མི་འདོད་ཉེས་པའི་ཚོགས༔
རྒྱ་འདྲེ་འགོང་པོ་སྨོན་ལོག་བསྟན་བཤིགས་དང༔
བོད་ཁམས་ཕུང་བྱེད་དམ་སྲི་སྤུན་དགུའི་སྡེ༔
ཤི་འདྲེ་གྲོང་འདྲེས་གསོན་ལ་འཚེ་བ་དང༔
བསླུ་བྲིད་བར་ཆད་བདུད་ཀྱི་གཡུལ་འགྱེད་སོགས༔
ཐམས་ཅད་བཟློགས་ཅིང་བཏུལ་བའི་དུས་ལ་བབ༔
བསྐུལ་ལོ་བསྐུལ་ལོ་ཨོ་རྒྱན་རིན་པོ་ཆེ༔
དབྱིངས་ནས་བཞེངས་ཤིག་རྡོ་རྗེ་ཐོད་ཕྲེང་རྩལ༔
དགྲ་བགེགས་ཀུན་སྒྲུལ་ཡང་ཁྲོས་གྲོ་བོ་ལོད༔
མི་བཟོད་ལྡུག་བསྔལ་ཉེས་ཚོགས་གཡོ་འཁྲུགས་ཀུན༔
མཐུ་རྩལ་ནུས་སྟོབས་དྲག་པོས་བཟློག་བསྒྱུར་མཛོད༔
བསྟན་འགྲོའི་དགེ་ལེགས་ཡར་ངོའི་ཟློ་ལྟར་སྤེལ༔
གཏན་གྱི་མགོན་པོ་ཁྱེད་ལ་གསོལ་བ་འདེབས༔
བསམ་པའི་དོན་ཀུན་འབད་མེད་ལྷུན་གྲུབ་མཛོད༔
བདག་སོགས་འདི་ནས་ཚེ་རབས་ཐམས་ཅད་དུ༔
ལས་རྐྱེན་ངན་པའི་དབང་དུ་མི་འགྲོ་ཞིང༔
ཨོ་རྒྱན་ཆེན་པོའི་དགོངས་ཀློང་ཆེར་གྲོལ་ནས༔
ཁམས་གསུམ་འཁོར་བ་དོང་སྤྲུགས་མཐུ་ཐོབ་ཤོག༔
ཨོཾ་ཨཱཿ་ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔
ས་མ་ཡ༔་རྒྱ་རྒྱ་རྒྱ༔
ཞེས་པའང་ཡེ་ཤེས་སྒྱུ་མའི་རྣལ་འབྱོར་པ་བདུད་འཇོམས་རྡོ་རྗེས་རྩལ་སྣང་ཡེ་ཤེའི་རིས་སུ་བྲིས་པ་བྱིན་རླབས་རྣོ་ནུས་ཤིན་ཏུ་ཆེ་བའི་རྟེན་འབྲེལ་ཡོད།
དགེའོ།།